MoIT

Archived Content|

ལམ་སེལ་ལས་ཁུངས་འདི་ རྒྱལ་ཁབ་ནང་ལུ་ ལས་ཁུངས་རྙིང་ཤོས་ཅིག་ཨིན། འདས་པའི་ལོ་ཚུ་ནང་འབད་བ་ཅིན་ རྒྱལ་ཁབ་ནང་ལུ་ གནས་ཚད་དང་ སྤུས་ཚད་ལུ་མེན་པར་ འཐུད་འབྲེལ་འབད་ནི་ལུ་ གཙོ་རིམ་བཏོན་ནུག། ལས་ཁུངས་དེ་གིས་ ད་ལྟོ་ཚུན་ གཞུང་གི་ལཱ་འགན་ཚུ་ག་ར་ འབད་ཐོག་ལས་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ་ཨིན། འདས་པ་དང་ ད་ལྟོའི་གཞུང་གཉིས་ཀྱིས་ འཁོར་ལམ་གོང་འཕེལ་གཏང་ནི་དེ་ ལས༌སྣ༌ཚུ་གི་གྲས་ལས་ གཙོ༌རིམ་དང་པ་སྦེ་ བརྩི་འཇོག་འབད་ཡོད་མི་དེ་ཡང་ ལམ་སེལ་ལས་ཁུངས་ནང་ལུ་ འཆར་དངུལ་བགོ་བཀྲམ་འབད་ཡོད་མི་དེ་གིས་ མངོན་གསལ་འབད་དོ་ཡོདཔ་ཨིན། ལམ་སེལ་གོང་འཕེལ་དང་འབྲེལ་ ལམ་སེལ་ལས་ཁུངས་ཀྱི་ གཞུང་གྱི་གམིགས་གཏད་ཚུ་འགྲུབ་ཐབས་ལུ་ བརྩོན་ཤུགས་ཚུ་ཡང་བསྐྱེད་དོ་ཡོདཔ་ཨིན།

འདས་པའི་ལོ་ཚུ་ནང་ ལམ་སེལ་ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་ འཁོར་ལམ་ལེ་ཤ་ཅིག་ར་ སེལ་ཡོད་པའི་ཁར་ གལ་གནད་ཅན་གྱི་ འཁོར་ལམ་ཚུ་ཡང་ མཐུད་འབྲེལ་འབད་ཡོདཔ་བཞིན་དུ་ འཁོར་ལམ་ལག་ལེན་ འཐབ་མི་ཚུ་གིས་ སྤུས་ཚད་ཅན་དང་ བདེ་ཉམས་ཀྱི་ འཁོར་ལམ་མཁོ་འདོད་བསྐྱེད་མི་ ཡར་སེང་འགྱོ་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་ གོང་འཕེལ་ལེ་ཤ་འགྱོ་བའི་ རྒྱལ་ཁབ་ནང་ སོར་བསྒྱུར་འབད་ནི་འབྲེལ་ དེང་སང་གི་ འཕྲུལ་ཆས་ཚུ་ ལག་ལེན་འཐབ་ཐོག་ལས་ གོང་འཕེལ་འགྱོ་བའི་ རྒྱལ་ཁབ་ཀྱི་ གནས་ཚད་དང་འཁྲིལ་ འཁོར་ལམ་དང་ གཞུང་ལམ་སེལ་ནི་དེ་ དགོས་མཁོ་ཅན་ཅིག་ཨིན། དེ་འབདཝ་ལས་ ལམ་སེལ་ལས་ཁུངས་འདི་ མ་འོངས་པར་ རྒྱལ་ཁབ་ཀྱི་ གོང་འཕེལ་ལས་སྣ་ཚུ་ནང་ རྒྱབ་སྐྱོར་འབད་ཐབས་ལུ་ མཁས་རིག་ཅན་གྱི་ གཙུག་སྡེ་ཅིག་སྦེ་ ངོས་འཛིན་དང་ གཞི་གཙུགས་འབད་དགོ་པའི་ སོར་སྒྱུར་གྱི་དུས་སྐབས་ལུ་ ལྷོད་དེ་ཡོདཔ་ཨིན།

སྤྱི་ལོ་༡༩༥༧ ལུ་ ལམ་སེལ་ནིའི་དོན་ལུ་ འབྲུག་གི་འཁོར་ལམ་ལས་འགུལ་ཟེར་ ཡིག་ཚང་ཅིག་ གཞི་གཙུགས་མི་ནང་ བཟོ་རིག་འགོ་དཔོན་གཙོ་བོ་གཅིག་གིས་ འགོ་འཛིན་ཐོག་ལུ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་བཟོ་སྐྲུན་འབད་ནིའི་ བརྟག་ཞིབ་དང་ འོས་འབབ་ཚུ་བལྟ་ནུག། སྤྱི་ལོ་༡༩༦༡ ལུ་ ལོ་ལྔའི་འཆར་གཞི་ འགོ་བཙུགས་དང་འབྲེལ་ ཡིག་ཚང་གི་མིང་དེ་ འབྲུག་བཟོ་རིག་ཞབས་ཏོག་སྦེ་ ལེགས་བསྒྱུར་འབད་ཡོདཔ་ད་ ཀི་ལོ་མི་ཊར་༡༧༩ འབད་མི་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གཞུང་ལམ་ སེལ་ནི་ལུ་ བཟོ་རིག་གཙོ་འཛིན་ཅིག་གིས་འབད་ འགོ་འཛིན་འབད་ནུག། སྤྱི་ལོ་༡༩༧༩ ལུ་ ཡིག་ཚང་དེ་ མི་མང་ལས་མི་ལས་ཁུངས་ལུ་འགྱུར་བཅོས་འབད་ནུག།

ལས་ཁུངས་དེ་ཡང་ གོང་འཕེལ་ལྷན་ཁག་འོག་ལུ་ གཞི་བཙུགས་འབད་བའི་ཤུལ་ལས་ མི་སྡེ་ཞབས་ཏོག་ལྷན་ཁག་ཀྱི་ འོག་ལུ་འབད་འགོ་འཙུགས་ནུག། སྤྱི་ལོ་༢༠༠༠ ལུ་ བརྒྱུད་འབྲེལ་ལྷན་ཁག་འོག་ལུ་ ལམ་སེལ་ལས་ཁུངས་ལུ་ མིང་བསྒྱུར་བཅོས་འབད་ཡོདཔ་ད་ དེ་བསྒང་ ལྷན་ཁག་གི་འོག་ལུ་ ལམ་སེལ་ལས་ཁུངས་དང་ ཁྱིམ་དང་ཁྲོམ་ཚོགས་གོང་འཕེལ་ལས་ཁུངས་གཉིསཔོ་དེ་ འཕྲུལ་རིགས་ལས་ཁུངས་ གཙོ་ཅན་ཅིག་སྦེ་སྡོད་ནུག།

སྤྱི་ལོ་༢༠༠༣ ལུ་ བརྒྱུད་འབྲེལ་ལྷན་ཁག་དེ་ སོ་སོར་འགྱོ་བའི་ཤུལ་ལུ་ ལམ་སེལ་ལས་ཁུངས་འདི་ ཞབས་ཏོག་ལྷན་ཁག་གི་ འོག་ལུ་ཚུད་ཡོདཔ་ཨིན།

Comments are closed.

Close Search Window

Accessibility Toolbar